2013年2月28日星期四

རས་གཟན་དམར་པོ།


                           རས་གཟན་དམར་པོ།

                              ----རང་གི་མིག་སྔར་གྱི་རས་གཟན་ལ་བཤད་པ།
                                                        ༡༽
                 རས་གཟན་དམར་པོ། ཁྱོད་གོན་རྗེས་སུ། ང་ནི་སྟོན་པའི་རྗེས་འཇུག་པ་ཞིག་ཏུ་བརྩིས་ནས།ཐ་ན་རྨི་ལམ་ཚུན་ཆད་ཀྱང་དེ་ལྟར་རྨིས་འོང་དུས།ཤ་གསེང་དང་རུས་གསེང་ནས་མཆེད་པའི་ཚོར་འདུ་དག་བརྗོད་དུ་མེད་པའི་ཐ་སྙད་རྫོབ་རོ་ཞིག་བརྩིས་ཡོད།
                                                       ༢༽
              རས་གཟན་དམར་པོ། ཁྱོད་ལ། ལག་པ་རྡེབ་ཤུལ་ན་ཁ་ཕོ་ཟེར་བ་ཞིག་ཡོད་ལ། རྔུལ་ཆུ་ཟགས་ཤུལ་ན་ཐར་པ་ཡོད། འགྲེལ་བཤད་ཡིད་ཚིམ་པ་ཞིག་བརྒྱག་ཆོག་པའི་ཐ་སྙད་དེ། གནས་སྐབས་དང་། མཐར་ཐུག ད་དུང་།  བདག་གཞན་མཉམ་བརྗེད། མཐར་གཏུགས་ན་དགག་བྱ་བདེན་མེད་ཀྱི་སྟོང་པ་ཉིད་སོགས། གཞན་གྱིས་བསམ་པའི་ཡུལ་ལས་འདས་འགྲོ

                                                       ༣༽
             རས་གཟན་དམར་པོ། ཁྱོད་གོན་ཚད་ཐམས་ཅད་གྲྭ་པ་མིན་ཆོག་ལ། ཁྱོད་གོན་ཚད་ཐམས་ཅད་གྲྭ་པ་ཡིན་ཡང་ཆོག རྩོད་པའི་དྷྭིའི་སྐད་འབྲུག་ལྟར་གྲགས་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པ་ཁོ་ན་གླེང་འོང་དུས་ཁྱོད་གོན་པ་ཡོད་ཚད་གྲྭ་བ་ཡིན་ལ། རྩོད་པའི་རྔུལ་ཆུ་འཇགས་རྗེས་སུ་ད་དཟོད་དགོན་པའི་སྲང་ལམ་གྱི་གཡས་དང་གཡོན།  མདུན་དང་རྒྱབ་སོགས་ནས་བྱ་ཉྭ་ཕག་གསུམ་གྱི་དམར་ཟས་ལ་དལ་གྱིས་རོལ་དུས། ཁྱོད་གྱོན་པ་ཚང་མ་གྲྭ་པ་མིན་ཡང་ཆོག
                                                     ༤༽
            རས་གཟན་དམར་པོ། ཁྱོད་ནི་ཉི་མས་སྐམ་ཆོག་ལ། དྲག་ཆར་དང་རླུང་འཚུབ་ཀྱིས་བརླན་ཡང་ཆོག ཁྱོད་ནི་གཞན་ཁས་སྨད་ཆོག་ལ། རང་ཁས་བཀྱག་ཀྱང་ཆོག དེ་ལྟར་ཡིན་ཡང་། རྒྱུ་མཚན་དང་གནས་ལུགས་ཞེས་པའི་ཐ་སྙད་དམར་རྗེན་མའི་མདུན་དུ་བརྟོལ་ཡོང་དུས། ཁྱོད་ནི་རས་གཟན་རང་ཡིན་པས་རྩ་གཤགས་ཀྱང་གཏང་ཆོག
                                                    ༥༽
           རས་གཟན་དམར་པོ། ཁྱོད་དར་ན་དར་གོ་ཆོད་དགོས་ལ། ཁྱོད་རྒོད་ན་རྒོད་གོ་ཆོད་དགོས། གཅིག་ཀྱང་གཉིས་མ་ཡིན་གྱི་གྲིབ་གཟུགས་ཤིག་ཏུ་བྱ་མི་ཆོག རྣ་རྩར་སྙན་འཇེབས་ལྡན་པའི་ཐ་སྙད་དེ་དག་སྟེ། སེམས་ཅན་ཐམས་ཅད་མ་ཡིན་པའི་བཤད་ཡམས་ཀྱང་ཁ་ཡོད་ལག་ཡོད་ཡིན་དགོས།
                                                     ༦༽
            རས་གཟན་དམར་པོ། ཁྱོད་གོན་རྗེས་སུ་ངུ་ན་ངུ་ཆོག་ཆོག་ཅིག་མེད་ལ། དགོད་ན་དགོད་ཆོིག་ཆོག་ཅིག་ག་ལ་ཡོད། སུས་ཀྱང་འཁྲབ་ཆོག་ལ། སུས་ཀྱང་བཤད་ཆོག་པ་དེ་ཁྱོད་ཀྱི་ནང་སྙིང་གསོན་པོ་དེ་མ་ཡིན། ཁྱོད་བཀུར་ནས་ལྷ་ཁང་དུ་འཇོག་ཆོག་ལ། ཁྱོད་ལ་སྨད་ནས་གད་སྙིགས་སུ་འང་གཡུག་ཆོག་ཨང་།
                                                   ༧༽
            རས་གཟན་དམར་པོ། མདོར་ན། ཁྱོད་ནི་ཁྱོད་ཀྱི་ས་ཚིགས་སུ་གདའ་ཤེས་དགོས་ལ། ཁྱོད་ནི་ཁྱོད་ནང་བཞིན་བསྡད་ཤེས་དགོས། ནམ་ཡང་གདའ་དགོས་ཨང་། ནམ་ཡང་།

                        ༢༠༡༣་་་་༡་་་་༨འཇང་དགུན་ཆོས་ཐོག་ཆེན་མོའི་དགོང་མོར་ཚོར་བ་དངོས་མ་དང་སྦྱར་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་སྟེ་རྗེ་ཙོང་ཁ་པའི་མ་དགོན་ཆེན་མོ་རུ་འབོད་པ་དགའ་ཤར་ཕུ་ཁང་ཁམས་ཚན་དུ་ཤར་མར་བྲིས།

0 评论:

发表评论

དགོངས་ཎུལ་ཅི་ཡོད་གསུངས་རོགས།

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།