2013年5月17日星期五

༄༅།།ཅོ་རི་ཉི་མ། ལམ་དབུ་མ་མ་བརྗེད་ཨ།


                               ༄༅།།ཅོ་རི་ཉི་མ།  ལམ་དབུ་མ་མ་བརྗེད་ཨ།
             
                                                        _____________ ལམ་དབུ་མ་ལ་ཕྱག་འཚལ་ལོ།
                          དེ་རིང་ཉིན་གང་བོར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་དོན་འདྲ་མིན་ཞིག་གི་གོ་སྒྲིག་འོག་ནས་ལས་འགུལ་དེ་དག་ཞུགས་ནས་ད་ལྟ་རང་ཤག་ཏུ་བསླེབས་སོང་། ངས་རང་ཤག་བསླེབས་ནས་དྲྭ་ཚུགས་འགའ་ཤས་ལ་བལྟས། བོད་ཀྱི་དུས་བབ་མདུན་དུ་ལམ་དབུ་མ་ལ་རྒྱབ་སྐྱོར་ཅན་གྱི་རྩོམ་འགའ་ཤས་དང་དེ་ལས་གཞན་པ་འགའ་ཡང་འདུག དེ་ནས་ཡུན་རིང་ཞིག་ལ་མ་ཡོང་བའི་ཤམ་བྷ་ལའི་ཟིན་བྲིས་སྒོ་ཕྱེས་པ་ཡིན། དེར་ཅོ་རི་ཉི་མ་ཟེར་བ་འདིས་༧གོང་ས་མཆོག་གི་ལུང་ཡིན་མིན་མི་ཤེས། གང་འདོད་ལྟར་ལུང་ཟ་ཟུར་རེ་བགྲང་ནས་རང་བཙན་རྩོད་དགོས་སྟངས་འགའ་ཤས་བྲིས་འདུག དེ་ལ་ལན་འདེབས་མཁན་བོད་མི་མང་གི་སྤྱི་འཐུས་གངས་ལྷ་མོ་སོགས་དེ་མིན་གྱི་དྲྭ་འབུ་འགའ་ཤས་ཀྱང་འདུག
                         དེ་སྔ་ཡང་ཅོ་རིས་བཀའ་ཁྲི་འོས་ལྡུག་སྐབས་སུ་བསམ་ཚུལ་མི་མཐུན་པ་མང་པོ་བྲིས་སོང་ཡང་མི་རེ་ལ་ལྟ་བ་རེ་ཡོད་ཀྱི་རེད། ད་གཡུགས་ཤོག་བསམ་ནས་བསམ་ཚུལ་དམིགས་བསལ་བ་ཞིག་བྲིས་མེད། ད་ལྟ་ཡང་འཇགས་རྒྱུ་མེད་པའི་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ཁ་ཕྱོགས་སྟངས་སྐོར་ལ་ན་གཞོན་ལུགས་མེད་འགའ་ཤས་ཀྱིས་མ་ཤེས་ཤེས་མདོག་དང་། མ་འཇོན་འཇོན་མདོག་གི་གདོང་ལྤགས་མཐུག་པོ་རེ་ཁྱེར་བཞིན་ད་ལྟའི་དུས་འདིར་དྲྭ་བ་ཁག་གི་ཟིན་བྲིས་དང་། སྐད་འཕྲིན། ངོ་དེབ་སོགས་སུ་ལམ་དབུ་མ་ཟེར་བ་འདི་རིན་ཐང་ཆུང་དྲགས་ཚུལ་དང་། རང་བཙན་ཟེར་བ་དེ་བརྩོད་བཞག་ན་ཕལ་ཆེར་རག་མིན་འགྲོ་བསམ་བསམ་གྱི་སྣང་བ་སྐྱིད་པོའི་སྐད་ཆ་རེ་བཤད་བཞིན་གདའ་མོད།

<<སྐྱེས་སྐར་བསུ་བའི་དབྱངས།>>
____________ཤིས་ཚིག་ཅིག་གི་དོད་དུ་ཤར་མར་བྲིས།
ཀ་དག་ཆོས་ཀྱི་རོལ་དབྱངས་དཀྲོལ་མཛད་པའི།།
ཁ་ནས་གསུང་སྐད་བྱོན་པའི་སྟོན་པ་ཡི།།
ག་ཤེད་ཅིག་ནས་འཁྲུངས་སྐར་བརྟོལ་སོང་བས།།
ང་ཚོའི་གདུལ་བྱ་རྣམས་ཀྱིས་མེ་ཏོག་གཏོར།།

ཅ་ཅོ་ཆེན་པོའི་གྲོང་ནས་མ་གཤགས་ཏེ།།
ཆ་ལུགས་མྱི་དང་མཐུན་པའི་ཚུལ་མཛད་ནས།།
ཇ་རྐྱང་བཞེས་ཀྱིན་བཞེས་ཀྱིན་འུ་ཅག་དང་།།
ཉྭ་ཆུ་བཞིན་དུ་བཞུད་པར་ཨེ་མ་ཧོ།།
2013年5月13日星期一

རྩོམ་སྒྲིག་པའི་གཏམ།


  
                                                     རྩོམ་སྒྲིག་པའི་གཏམ།


_____________ཆིག་སྒྲིལ་འདོན་ཐེངས་དང་པོའི་ཀླད་ཀྱི་གཏམ།
             ༄༅།།ད་ལྟ་ཁྱེད་ཅག་གི་མིག་མདུན་དུ་ཡོད་པའི་<<ཆིག་སྒྲིལ>>་ཞེས་པའི་འདོན་ཐེངས་འདི་ནི་ང་རང་གྲྭ་རྐྱང་ཞིག་གིས་སྒེར་གཉེར་བྱེད་པའི་དམིགས་བསལ་གྱི་འདོན་ཐེངས་གསར་བ་ཞིག་ཡིན་ལ།དུས་དེབ་འདིའི་ནང་གི་རྩོམ་ཡིག་སྡུར་སྒྲིག་བྱེད་བཞིན་པའི་བརྗོད་གཞི་ཁག་ནི་བོད་མི་རིགས་འདི་ཉིད་འདས་མ་ད་གསུམ་གྱི་ལས་དབང་ལ་གཞིགས་པའི་རྩོམ་ཡིག་ཤ་སྟག་ཡིན།དེ་བས་གླེང་རིན་དང་དྲན་རིན་ཡོད་པ་ནི་འདས་ཟིན་པའི་སྤུ་རྒྱལ་བཙན་པོའི་དུས་སྐབས་ནས་བཟུང་སྟེ་ཁ་སང་དེ་རིང་གི་བར་གྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིགས་ཤིག་བྱས་དུས་ངོ་མ་དགའ་ནས་དགོད་མི་ཤེས་པ་དང་སྡུག་ནས་ངུ་མི་ཤེས་པའི་རྣམ་པ་མང་པོ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་གདའ།
                 གསལ་བོ་ཞུས་ན་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་ཅུ་ང་དགུ་ལོའི་དུས་ངན་གྱི་ཀློང་རུམ་ནས་བསྟན་དགྲ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རང་རྒྱལ་ཆོས་ལྡན་གྱི་ཞིང་མཆོག་འདི་ཉིད་ཧམ་ཟོས་བྱས་ཏེ་ད་བར་མི་ལོ་དུ་མའི་རིང་ལ་ཤ་རུས་ཁྲག་རྒྱུན་གཅིག་པ་དང་།སྐད་ཡིག་གཅིག་པ།ཕུགས་བསམ་གཅིག་པ།ལས་དབང་གཅིག་པ།མདོར་ན་ཡོད་ཚད་གཅིག་པའི་རང་ཅག་སྤུན་ཟླ་ས་ཡ་དྲུག་པོ་འདི་ཉིད་གཞིས་བྱེས་གཉིས་སུ་ཁ་འཐོར་དུ་བཏང་ནས་བཟུང་གཞིས་བཞུགས་ཀྱི་བོད་མི་དེ་དག་ལ་ད་བར་ཁྲག་གི་བྲོ་བ་འདི་ཉིད་རྒྱུན་མ་ཆད་པའི་བྱ་སྤྱོད་སྟེ་གཉའ་གནོན་དང་མནར་བཅོས་རྡུང་རྡེག་བཤུ་གཞོག་སོགས་བྱས་རྐྱེན་མཐའ་དོན་མི་རིགས་འདི་ཉིད་ཀྱི་རང་དབང་བསྐྱར་གསོ་ཡི་སླད་དུ་འ་ཆད་འུ་ཐུག་གི་སོ་མཚམས་སུ་སླེབས་ཏེ་རང་གི་ལུས་ཕུང་འདི་ཉིད་མེར་མཆོད་དུ་བསྒྲོན་པའི་ཞི་བའི་ངོ་རྒོལ་གྱི་སྲོལ་གསར་ཞིག་<<འདི་ལ་དེང་སྐབས་ཡོངས་གྲགས་སུ་གསར་བརྗེ་སེར་པོ་ཞེས་བརྗོད་ཀྱིན་ཡོད>>སྟེ་༡༩༩༨།༤།༢༧ཉིན་དཔའ་རྒོད་དམ་པ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མཆོད་མེར་ཕུལ་བ་ནས་སྤྱི་ལོ༢༠༡༢་་༢་་༡༩ཉིན་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་བར་དུ་རྒྱུན་མཐུད་དང་མཐུད་མུས་སུ་ཡིན་དུས།

རླབས་ཆེན་གྱི་སྐྱེས་མ་ཡ། ངས་ནམ་ཡང་དྲན་འོས།


                                རླབས་ཆེན་གྱི་སྐྱེས་མ་ཡ།  ངས་ནམ་ཡང་དྲན་འོས།
                    

                                           ______ཨ་མ་དང་ཁ་བྲལ་ནས་ལོ་ངོ་བདུན་སོང་ཤུལ་དུ།           
                    ལོ་ཟླ་ནི་ཆུ་མོའི་བཞུར་རྒྱུན་བཞིན་གཅིག་རྗེས་གཉིས་མཐུད་རེད། བདག་གི་སེམས་འགྱུ་ཡང་དེ་དང་མཉམ་དུ་ལྷོད་ཀྱིས་བཞུར་གྱིན་གདའ། ཕྱིར་རྟོག་དང་བསམ་གཞིགས་ཐེངས་ཤིག་བྱེད་ན། དེ་རིང་ནི་ང་རང་ཕ་མ་གཉིས་དང་ཁ་བྲལ་ནས་ལོ་ངོ་བདུན་ཙམ་ཕྱིན་ཟིན་པའི་ཉིན་མོ་ཞིག་རེད། རེད། མགྱོགས་པོ་ལག་ཟུང་བྲང་ཁར་བཞག་ནས་བསམ་བློ་ཐོངས་ཤིག ངས་རང་གིས་རང་ལ་དེ་ལྟར་སྨྲས། ངའི་མདུན་ན་སུ་ཡང་མེད། ངས་དེ་ལྟར་འདྲི་དོན་ཡང་དེ་ཡིན།
2013年5月2日星期四

གོད་ཆག གོད་ཆག


གོད་ཆག    གོད་ཆག

____________གཡག་རྔའི་གོད་ཆག་ལ་བྲིས།
རྟོགས་བཏཊ་རྨི་ལམ་མ་ཡལ་གོང་།།
མལ་ཁྲི་འགུལ་སྒྲས་མ་ཁྱེར་གོང་།།
ནམ་ཕྱེད་ནང་གི་བརྙན་གཟུཊ་འདིར།།
སྲོག་ལྡན་སུས་ཀྱང་བལྟ་ལ་བྲེལ།།

ཁྱིམ་བརྙན་ཚལ་བར་མ་གཤཊ་གོང་།།
ནང་མྱི་ཁ་འཐོར་མ་སོང་གོང་།།
མལ་དྲོད་ནང་གི་ཧུར་སྒྲ་དེར།།
སྲོག་ལྡན་སུས་ཀྱང་ཉོན་ལ་བྲེལ།།

2013年4月9日星期二

གྲྭ་པ་དང་བཤད་ཡམས། ད་དུང་གསོལ་འདེབས།


གྲྭ་པ་དང་བཤད་ཡམས།  ད་དུང་གསོལ་འདེབས།


=====འཛིན་གྲོགས་ཤིག་ལ་རྩེད་མཚར་དུ་བྲིས་པ།     <ཁག་དང་པོ།>

གྲྭ་ཆས་གྱོན་ནས་ལོ་ངོ་ཉེར་དྲུག་གོ།
གྲྭ་སྡོམ་ཞུས་ནས་ལོ་ངོ་བཅུ་དྲུག་གོ།
གྲྭ་ཟས་ཟོས་ནས་གོང་གི་དང་པོ་བཞིན།།
ད་ནི་གྲྭ་བ་ཡང་དག་ཆགས་པར་སྨོན།།

2013年3月29日星期五

རྨི་ལམ་གྱི་འགྲེལ།


རྨི་ལམ་གྱི་འགྲེལ།

ཁ་བྱང་གི་འགྲེལ---ཁྱེད་ཀྱིས་གླེང་བའི་<<རང་བཙན>>་ཞེས་པའི་རྨི་ལམ་ལ་འགྲེལ་བ་བརྩམས་པ།

རྨི་ལམ་མིན་པའི་རྨི་ལམ་ཞིག་གིས་ང་ཡི་མྱིག་ལ་སྐྲག་སྣང་བསླངས།།
གནས་ལུཊ་བརྡར་བའི་གནས་ལུཊ་ཤིག་གིས་ས་སྒང་གང་སར་འགྲེལ་བཤད་བྱེད།།
གོ་ལ་འབར་བའི་ཉིན་ནག་འདི་དག་ཁྱོད་ལ་འཇིགས་སྣང་མ་སྐྱེ་འམ།།
ཀྱེ་ཀྱེ་ཆོས་སྐད་རྒྱུ་འབྲས་ཟེར་བ་ཡོད་ན་ད་བཟོད་ལོངས་ཤིག་ཀྱེ།།

ན་ཟུག་མང་པོས་ཚལ་བ་གཤགས་དུས་ཁྱེད་ལ་མྱོང་ཚོར་མ་བྱུང་ངམ།།
ཟུག་གཟེར་མང་བའི་གོ་རིམ་ཁྲོད་ན་ངུ་འབོད་བྱེད་པར་མ་ཐོས་སམ།།
ནམ་མཁའ་སྔོན་པོ་མྱིག་ལ་སྤྲུལ་ནས་མྱིག་ཆུ་གཏོང་བར་མ་མཐོང་ངམ།།
ས་གཞི་ཆེན་པོ་རྒྱ་མཚོ་གྱུར་བར་མིག་ཆུས་ཡིན་པ་ཨེ་ཤེས་ལགས།།
2013年3月11日星期一

ཞབས་བྲོ་འཁྲབ་སྟངས་དང་རོལ་ཆས་དཀྲོལ་སྟངས།


ཞབས་བྲོ་འཁྲབ་སྟངས་དང་རོལ་ཆས་དཀྲོལ་སྟངས། 

=====ངོ་གདོང་དུ་བཤད་འདོད་པའི་སྐད་ཆ་འགའ།



གནས་ལུགས་ཤིག་ལ་འགྲེལ་བཤད་སྐྱོན་དུས་བློ་སྙིང་ཡོད་ཚད་ཟུར་ནས་མཐོང་།།
གོ་ལའི་སྒང་ནས་རྒྱང་མཇལ་བྱེད་ཚེ་འཛམ་གླིང་ཁྱོན་ཡོངས་སྒོར་སྒོར་མཐོང་།།
གསང་མིང་བར་ནས་མི་ཚད་འཇལ་དུས་གྲོགས་པོ་རྙིང་པའི་སྣང་བརྙན་མཐོང་།།
བདེན་དོན་འོག་ནས་མཐོང་ཚུལ་འདི་དག་རྒྱུ་འབྲས་བློ་མིག་མིན་པར་མཐོང་།།

དུས་བཞི་དམར་པོའི་ཐག་སྒྲའི་འོག་ནས་ཉེར་གཅིག་དུས་ཚིགས་ཤར་བ་མཐོང་།།
དུས་གསུམ་སྤྱི་བྱེ་ཐོར་བུ་འདི་དག་སུམ་ཅུ་པ་ཡི་གཞུང་ནས་མཐོང་།།
དུས་རབས་ཤིག་གི་ཉམས་ཉེས་བར་ནས་གྲོགས་པོ་ཞིག་གི་ངོ་གདོང་མཐོང་།།
ཁོག་ནས་བཞུར་བའི་ཟུངས་ཁྲག་འདི་དག་ཁྱེད་ཀྱི་ཡིན་པར་གཞི་ནས་མཐོང་།།

ཁྱོད་ལ་ངོ་མ་བཤད་ན།
====སེམས་པ་ཤོར་བའི་རྗེས་བྱང་འགའ་ཤས་ཡིག་རིས་སུ་བསྡེབས་པ།
ཉྭ་རྒྱས་ཟླ་བའི་དཀྱིལ་འཁོར་ལ།།
པད་མའི་མེ་ཏོག་འཁྲུངས་པས་ན།།
བདག་སེམས་སྤྲང་ཆུང་ཁྲ་བོ་སྟེ།།
དེ་རུ་མི་འཁོར་གང་ན་འཁོར།།

སྐུ་གཟུགས་འཁྲི་ཤིང་གཤར་མ་ལ།།
དྲི་ངད་བཟང་པོ་འཐུལ་བས་ན།།
ལྗགས་རྩེར་དུང་གཟུགས་གཉིས་པོ་དེ།།
དེ་ལ་མི་ཕྱོགས་གང་ན་ཕྱོགས།།

འོད་ཀྱིས་ཁེངས་བའི་གར་སྟེགས།


འོད་ཀྱིས་ཁེངས་བའི་གར་སྟེགས།

<<བོད་ཀྱི་ན་གཞོན་གླུ་གར་ཚོགས་པ>>འི་རོལ་དབྱངས་ལ་བལྟས་རྗེས།
དོ་ནུབ་དགོང་མོར་རི་གྲོང་དབྱངས་ལ་ཞུགས་འདུག།།
དབྱངས་ཀྱི་ནུས་པས་རི་གྲོང་འོད་ཆགས་བཞེངས་སྐད།།
འོད་ཆགས་སྟོང་གིས་ཁེངས་འི་གར་སྟེགས་འོག་ཏུ།།
བདག་ཉིད་སུ་ཡིན་སྙམ་པའི་དོགས་ཤིག་བསླངས་ཐལ།།

མི་ཚོགས་སྟོང་ཕྲག་བརྒལ་བའི་འཚང་ཁའི་ཁྲོད་དུ།།
གློག་འོད་ལམ་ལམ་འཁྱུག་པའི་གར་སྟེགས་སྟེང་དུ།།
ན་གཞོན་གར་མཁན་དག་གིས་ཟློས་གར་གསོན་པོར།།
བལྟས་ན་མིག་ཀྱང་འཚིག་གྲབས་ཡང་ཡང་བྱས་སོང་།།
2013年3月9日星期六

ཁྱེད་ལ་འཁྲེང་བའི་སེམས།



ཁྱེད་ལ་འཁྲེང་བའི་སེམས།
རྩོམ་གྲོགས་ཤིག་གིས་༼ཚོར་བ་ཡོད་ན་སྙན་ངག་ཅིག་ཕྲིས༽་ཞེས་པའི་ལན་དུ་ཕུལ་བ།
ཉི་མ་དམར་པོ་ཤར་རིའི་ཕྲག་ནས་འཛུམ་དུས།།
རྨི་ལམ་སྐྱིད་པོའི་ཞིང་ནས་ཧོབ་ཀྱིས་སད་དུས།།
ཁྱེད་ལ་ཁྲེང་བའི་རྣམ་ཤེས་བན་བུན་འདི་དག།
ང་ལ་བཞག་པའི་སྡུག་གི་སྣོན་མ་ཡིན་སོང་།།

ལོ་དང་ཟླ་བ་རེ་ཞིག་ཐོད་ཀྱིས་བརྒལ་དུས།།
མགོ་ཡི་སྐྲ་ལོ་འདིའང་དཀར་རུ་སོང་བས།།
སྙིང་གཏམ་བཤད་འཕྲོ་ལྷག་པའི་དུས་ཚིཊ་དེ་རུ།།
སྐྱོ་བའི་མིག་ཆུ་ཕྲུམ་ཕྲུམ་ས་རུ་ལྷུང་སོང་།།
2013年3月5日星期二

གྲྭ་བའི་གནས་བབ་ཐད་ནས་ཅུང་ཅམ་གླེང་བ།

                     གྲྭ་བའི་གནས་བབ་ཐད་ནས་ཅུང་ཅམ་གླེང་བ།

                       གླེང་སློང་བ།                    
དེང་རབས་ཉེར་གཅིག་པའི་ད་ལྟའི་གཉན་འཕྲང་ཅན་གྱི་དེང་སྐབས་འདི་དང་བསྟུན་ནས་ངས་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཙམ་ཞིག་འདི་ནས་བརྡོལ་འདོད་པ་ཙམ་ཡིན།  སྤྱིར་ན་མི་ང་ལྟ་བུ་ཞིག་གིས་གྲྭ་བའི་སྤྱི་ཚོགས་སུ་བསམ་ཚུལ་འདོན་པའམ་དེ་བས་ཉེན་ཚབ་ཆེའི་གྲྭ་བའི་རྒྱུན་སྤྱོད་ཀྱི་ལས་ཉེས་སྐོར་གླེང་ཁུལ་བྱས་པ་ནི་དངོས་གནས་གད་མོ་སློང་དགོས་པའི་གནད་ཅིག་ཡིན་མོད།  འོན་ཀྱང་བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པ་ལས་ངའི་བསམ་ཚུལ་ཐམས་ཅད་བདེན་པར་འགྱུར་བའི་ངེས་པ་མེད།  དེའི་ཕྱིར་ངས་ཀྱང་ང་རང་འགྲོ་བ་མི་ཞིག་གམ་སྨྲ་ཤེས་དོན་གོ་བ་ཞིག་གིི་འདུ་ཤེས་ཡོད་པར་གཞི་ལ་བཟུང་ནས་འགྲོ་བ་མི་ཞིག་གི་ངོས་ནས་གླེང་ན་བླ་ན་མེད་པའི་རིན་ཐང་ཅན་གྱི་སྨྲ་བརྗོད་རང་དབང་གི་གོ་སྐབས་འདི་ལ་བརྟེན་ནས་ཐོབ་ཐང་ལག་ཏུ་ལེན་ཏེ་ཕྲན་གྱིས་ཏོག་ཙམ་གླེང་འདོད་བྱུང་།
                   
2013年3月2日星期六

མི་བཤད་ཀ་མེད་ཀྱི་སྐད་ཆ་འགའ་ཤས།


                           
              མི་བཤད་ཀ་མེད་ཀྱི་སྐད་ཆ་འགའ་ཤས།
                        
           _______2012ལོར་ཆིག་སྒྲིལ་འདོན་ཐེངས་གཉིས་པའི་ཀླད་ཀྱི་གཏམ།
                    

ད་ལྟའི་དུས་སྐབས་འདིར་ང་ཚོའི་བོད་མི་སུ་ཞིག་ཡིན་རུང་ཁ་ནང་དུ་ཕྱོགས་ནས་འདས་ཟིན་པའི་ཀྱག་ཀྱོག་ཆེ་བའི་མི་ལོ་ལྔ་བཅུ་ལྷག་ཅིག་གི་འགྲུལ་བཞུད་བྱེད་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་སོགས་ལ་མནོ་བསམ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཉག་ཅིག་རེད་འདོད།
                   དེ་བས་ང་ཚོས་ད་ནི་གླིང་གེ་སར་དཔའ་ངར་ལྡན་རབས་དང་།ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་ཐར་བཟང་རབས།སྲོང་བཙན་སྒམ་པོས་མཐའ་བཞི་དབང་བསྒྱུར་བྱས་སྟངས་སོགས་མིག་སྔར་གླེང་ནས་དལ་ལྷོད་ལྷོད་ངང་སྡད་པའི་དུས་ཚིགས་ཤིག་མིན་ལ།གནའ་བོའི་དུས་སུ་ང་ཚོ་གཅིག་ཡིན་རབས་དང་གཉིས་བྱུང་རབས་སོགས་ཀྱི་སྣང་བ་སྐྱིད་པའི་སྐད་ཆ་དེ་ཚོ་ནི་དགོས་པ་དེ་བས་མི་གདའ་སྙམ།
2013年3月1日星期五

སྟ་གོན།


<<སྟ་གོན།>>

                      -------མི་གླེང་ཀ་མེད་ཀྱི་ཉེར་བསྡོགས་འགའ་ཤས།

མི་ཁའི་དྲག་ཆར་བརྡོལ་བའི་དུས་རབས་ནང་།།
ཅི་ཡང་དབེན་པའི་གྲྭ་གཟུགས་འཁྱམ་པོ་ངས།།
རང་གིས་རང་ལ་ཚངས་ཐིག་འཐེན་པ་འདིར།།
དཔའ་བོ་གཡུ་ལ་ཆས་པའི་པའི་སྟ་གོན་ཡིན།།

སྐད་སྒྲ་གང་མང་བྲག་ལ་རྡེབ་པ་འདི།།
ངག་རིས་གླུ་ལ་འཐེན་པའི་དུས་ཚིགས་ཏེ།།
རང་གིས་རང་ལ་དྲི་ཚིག་བཀོད་པ་འདི།།
ཕ་སྐད་དབྱངས་སུ་གྱེར་བའི་སྟ་གོན་ཡིན།།
2013年2月28日星期四

༼ཁྱོད་སྙན་གསར་མ་དངོས་རེད།༽


༼ཁྱོད་སྙན་གསར་མ་དངོས་རེད།༽


<<སྙན་ངག་མ་ཞིག་གི་སྙན་དེབ<<རྒྱང་རིང་གི་སྦྲ་ནག>>་བཀླགས་རྗེས།>>
སྙན་དངགས་སྙན་མོ་འདི་ཡང་ཆུ་ཆེན་ཡིན་ན།།
སྡེབ་སྦྱོར་མཛེས་མོ་འདི་ཡང་འཇའ་ཞིག་ཡིན་ན།།
འོ་མ་བཞུར་སྟངས་འདི་ཡང་ཁ་བ་ཡིན་ན།།
ཐུན་གསུམ་མཚན་མོའི་ཀློང་ནས་བརྐྱང་ཕྱག་ལོས་འཚལ།།

སེན་རྩེ་གསུམ་ཤེད་འདི་ཡང་སྨྱུ་གུ་ཡིན་ན།།
ཚོར་སྣང་གྲང་མོ་འདི་ཡང་ངར་ཤུགས་ཡིན་ན།།
ཞལ་རས་འཛུམ་སྟངས་འདི་ཡང་ལྷད་མེད་ཡིན་ན།།
འཚམས་འདྲི་གྲངས་ཀ་བརྒལ་བའི་ལག་འཇུ་ལོས་བྱ།།

རས་གཟན་དམར་པོ།


                           རས་གཟན་དམར་པོ།

                              ----རང་གི་མིག་སྔར་གྱི་རས་གཟན་ལ་བཤད་པ།
                                                        ༡༽
                 རས་གཟན་དམར་པོ། ཁྱོད་གོན་རྗེས་སུ། ང་ནི་སྟོན་པའི་རྗེས་འཇུག་པ་ཞིག་ཏུ་བརྩིས་ནས།ཐ་ན་རྨི་ལམ་ཚུན་ཆད་ཀྱང་དེ་ལྟར་རྨིས་འོང་དུས།ཤ་གསེང་དང་རུས་གསེང་ནས་མཆེད་པའི་ཚོར་འདུ་དག་བརྗོད་དུ་མེད་པའི་ཐ་སྙད་རྫོབ་རོ་ཞིག་བརྩིས་ཡོད།
                                                       ༢༽
              རས་གཟན་དམར་པོ། ཁྱོད་ལ། ལག་པ་རྡེབ་ཤུལ་ན་ཁ་ཕོ་ཟེར་བ་ཞིག་ཡོད་ལ། རྔུལ་ཆུ་ཟགས་ཤུལ་ན་ཐར་པ་ཡོད། འགྲེལ་བཤད་ཡིད་ཚིམ་པ་ཞིག་བརྒྱག་ཆོག་པའི་ཐ་སྙད་དེ། གནས་སྐབས་དང་། མཐར་ཐུག ད་དུང་།  བདག་གཞན་མཉམ་བརྗེད། མཐར་གཏུགས་ན་དགག་བྱ་བདེན་མེད་ཀྱི་སྟོང་པ་ཉིད་སོགས། གཞན་གྱིས་བསམ་པའི་ཡུལ་ལས་འདས་འགྲོ

<<འཁོར་བ་དང་ངེས་འབྱུང་>>

མཐོན་པོའི་སྲིད་རྩེ་རུ་ཡར་ལ་ཐེངས་མང་འགྲིམས་མྱོང་།།
དམའ་བོའི་མནར་མེད་ཀྱི་མར་ཡང་ལན་མང་བཞུད་མྱོང་།།
བསྐལ་བ་གྲངས་མེད་ཀྱི་འདིའི་དབར་འགྲོ་འགྲོ་ཉིད་ནས།།
གཏན་བདེ་ལམ་བཟང་ཞིག་མ་རྙེད་འདི་ལྟར་ལུས་གདའ།།

བསམ་ན་སྲིད་པ་འཁོར་བའི་ཕུན་ཚོགས་ཀྱི་ཡུལ་ན།།
ཡིད་སྨོན་ལན་མང་ཤོར་ནས་འདིར་ཐུག་གི་བར་དུ།།
རྫུན་པའི་སྟོབས་ཀྱིས་སྤྲུལ་པའི་བདེན་གྲུབ་ལ་ཆགས་ནས།།
རྣམ་ཤེས་ཡོད་ཚད་འཁོར་བའི་དངོས་ཚོགས་ལ་བྱིང་འདུག།།

མེར་སྲེག་དྲན་ཚུལ།


མེར་སྲེག་དྲན་ཚུལ།
­­­___མེ་མཆོད་ཀྱི་ཉིན་འདི་དག་ལ་བྲིས་པ།
ཉིན་བྱེད་མལ་དུ་འཛུལ་བའི་ས་སྲོད་དེར།།
བྱ་བརྒྱ་ཚང་དུ་ལོག་པའི་དགོང་དྲོ་དེར།།
ཁེར་རྐྱང་ས་མཐའ་འཁྱམ་པའི་སྙིགས་དུས་འདིར།།
སྐྱོ་སྣང་རླུང་གིས་དད་པའི་སྙན་ངག་འབྲི།།

གཤར་མའི་ལམ་ཞིག་འཚོལ་བའི་དུས་རབས་འདིར།།
གཅེས་སྲོག་ཕངས་མེད་སྦར་བའི་དགུན་གཞུང་འདིར།།
མེ་ལྕེ་གྱེན་དུ་འཁྱིལ་བའི་ཉིན་ནག་འདིར།།
ཁོག་པའི་མྱ་ངན་མཚོན་པའི་སྙན་ངག་འབྲི།།

གསེར་གྱི་འོད་མདངས།


གསེར་གྱི་འོད་མདངས།
    ༼༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་འཁྲུངས་སྐར་ལ་ཕུལ་བ།༽
མུན་པ་ནག་པོས་གངས་ལྗོངས་ཞལ་རས་འགེབས་གྲབས་བྱས་པའི་ཐུ་འོག་ནས།།
ས་ཡ་དྲུག་གི་ལས་དབང་ཆེད་དུ་འོད་ཆེན་སྒྲོན་མེ་སྦར་མཛད་མཁན།།
སྐྱབས་ཀྱི་མགོན་པོ་བསྟན་འཛིན་རྒྱ་མཚོའི་ཞབས་རྡུལ་སྤྱི་བོར་བཀུར་བྱས་ནས།།
དྭངས་གཙང་དྲི་མེད་སེམས་ཀྱི་ཀློང་ནས་བསྟོད་ཚིག་འདི་ཀོ་ལ་གྱིས་འབྲི།།

སྐུ་ཡི་བཀོད་པའི་སྟངས་སྟབས་རེ་ལ་ཞི་བདེའི་འོད་ཞགས་སྟོང་དུ་འཁྱུད།།
ཞལ་གསུང་དབུ་མའི་ཐབས་ཇུས་རེ་ལ་བདེན་པའི་རྒྱལ་ཁ་ལྷང་ལྷང་འཚེར།།
ཐུགས་ཀྱི་གསང་གསུམ་མཛད་འཕྲིན་དག་ལ་དབང་ཆེན་ཚང་པས་འགྲན་མི་ནུས།།
གངས་ཅན་མགོན་པོའི་མཛད་བཟང་འདི་དག་བསམ་ཞིང་བསམ་ན་ཨེ་མ་རྨད།།
2013年2月27日星期三

<<ཤི་སོང་བའི་<<དུས་དེབ>>་འགའ་ཤས་གླེང་བ།>>
                              
                                    =======མྱ་ངན་དང་འབོད་སྐུལ་ཞུ།
        ངས་དྲན་སོས་པ་ཞིག་ལ་འདི་ནས་བརྩིས་པའི་༢༠༠༧ལོའི་ལོ་མཇུག་ལ་ངེད་ཚོའི་ཁམས་ཚན་གྱི་གྲྭ་རྒྱུན་དག་གི་ལོ་འཁོར་གཅིག་གི་ཤག་བརྗེད་བོ་རྒྱབ་པའི་དུས་ཚིགས་ཤིག་རེད་འདོད།དགོང་མོ་དེར་གྲྭ་མང་གི་དམ་བཅའ་གྲོལ་བ་དང་ངས་འཛིན་གྲོགས་ཤིག་ལ་ཁྱོད་ལ་དུས་དེབ་ཡག་པོ་འདྲ་ཡོད་ན་ང་ལ་འཇོག་རོགས་གནང་།ང་སང་ཉིན་ལེན་དུ་ཡོང་རྒྱུ་ཡིན་ཞེས་བཤད་པ་ཡིན།
     

ལོག་བཤད། ལོག་བཤད།

       ལོག་བཤད།
     ____སེམས་ཀྱི་འཛིན་པ་དག་གི་ནང་སྙིང་སྔོག་ན
   མི་རྟག་པ་ནི་ཁ་ནས་བཤད་འདྲ།།                     
   རང་ཉིད་རྟག་པ་རྟག་པ་འཛིན་འདྲ།།
   མུ་ཏོ་བ་ཡི་གཤིས་ཀ་འདྲ་བའི།།
   ང་ནི་ཁྱོད་ལ་ཡ་རེ་མཚར་འདྲ།།

   གཞལ་བྱའི་ཆོས་ནི་བདེན་མེད་ཡིན་སྐད།།
   ཡོད་ཚད་ཆོས་ནི་བདེན་གྲུབ་འཛིན་འདྲ།།
   ཕྱི་ནང་འགལ་བའི་ཚོར་འདུ་ཕྲ་མོ།།
   ཁྱོད་ལ་གདའ་བའི་མི་གཤིས་འདྲ་འདྲ།།

   སྲེག་གཅད་བརྡར་བའི་བུ་ཞིག་ཡིན་ཚུལ།།
   ནང་སྙིང་གཙགས་པའི་མྱི་ཞིག་ཡིན་འདྲ།།
   དོན་དམ་ངོར་ན་དད་པའི་རྗེས་འབྲང་།།
   ལྟ་བ་ཚང་མ་འགལ་འདུ་འདྲ་འདྲ།།


སྙན་དངགས་པར། མྱ་ངན་ཞུ།


  སྙན་དངགས་པར།  མྱ་ངན་ཞུ།
  ____བོད་ཀྱི་སྙན་དངགས་པ་གཉའ་གོང་ལྷ་བྷེ་ལགས་ལ་མྱ་ངན་དུ།
  ༡
  ཤེལ་ཕོར་ཞིག་རྡོ་ལ་རྡེབ་སོང་བ་བཞིན།                       
  ཁྱེད་རང་སྟེ།  འདི་ལྟར་བཞུད་སོང་།
  ཤུལ་དུ་ལྷག་པ་ནི།  ཁྱེད་ཀྱི་འབྲི་དེབ་དང་།
  ད་དུང་།  མྱུ་གུ་གཉིས་རེད།
  དྲན་ངོས་སུ་གསལ་བ་ནི།
  འཛུམ་དམུལ་དམུལ་གྱི་མིག་ཀོང་ཆ་གཅིག་དང་།
  དྭངས་གཙང་གི་མྱི་གཤིས་དག་གོ

  ༢
  ལོ་མ་ཞིག་ས་ལ་ལྷུང་བ་བཞིན།
  དགུན་གཞུང་གི་དུས་ཚིགས་དེར།
  ཁྭ་ཏའི་སྐད་ངན་ཐོས་པས།
  ངས་ཀྱང་། མིག་ཆུས་བསྐྱེལ་མ་བྱས་ཡོད།
  ཅི་ཡིན། ཅི་ཡང་མིན་ཏེ།
  འགན་འཁྲི་ཞིག་གདའ་བའི་ཕྱིར།
  2013   2   20ཉིན་ཐོལ་བྱུང་དུ་རྒྱ་གར་ལྷོ་ཕྱོགས་ནས་བྲིས།



མི་ཚེ་དང་འཚོ་བ་གླེང་ན།

<<མི་ཚེ་དང་།  ད་དུང་འཚོ་བ།>>
                        ____ཀྱག་ཀྱོག་ཀློང་གི་མི་ཚེ་དང་འཚོ་བ་ལ་བྲིས་པ།

མི་ཚེ་འདི་ལ་གོ་རིམ་ཡོད་མེད་བདག་ལ་ཐེ་ཚོམ་མེད་སོང་སྐད།།
མི་གཤིས་འདི་ལ་དགའ་སྐྱོ་ཟུང་གི་ཚོར་ཤེས་ན་བུན་གདའ་ལུཊ་ཏེ།།
མི་མཁྲེགས་ཅན་གྱི་མི་བུ་བདག་ལ་དཔྱོད་ཤེས་ཕྲ་མོ་མེད་གྱུར་ཡང་།།
མི་ཞིག་ཡིན་པའི་གནས་ལུགས་ཤིག་གིས་ངོ་གདོང་དམར་པོ་གསལ་པོ་མཐོང་།།
 
རུས་རྐང་གཉིས་པོ་ས་རུ་བཙུཊ་ནས་འགྲུལ་བཞུད་བྱེད་སྟངས་འདྲ་ན་ཡང་།།
སྟབས་བདེ་ཅན་གྱི་དེང་གི་ལམ་བུར་བསྒྱུར་སྟངས་མ་ཤེས་ཐལ་དྲགས་ན།།
འོད་སྟོང་ལྡན་པའི་འབྱུང་འགྱུར་སྣང་བྱེད་གྲིབ་གཟུགས་ཤིག་གིས་སྒྲིབ་བྱས་ནས།།
མི་ཚེ་ཞེས་པའི་གོ་རིམ་ཡོད་ཚད་དབུ་མའི་ལུགས་ཀྱི་བདེན་གྲུབ་ཡིན།།
 

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

རྩོམ་ཡིག་མཚན་བྱང་།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།