2013年5月12日星期日

རླབས་ཆེན་གྱི་སྐྱེས་མ་ཡ། ངས་ནམ་ཡང་དྲན་འོས།


                                རླབས་ཆེན་གྱི་སྐྱེས་མ་ཡ།  ངས་ནམ་ཡང་དྲན་འོས།
                    

                                           ______ཨ་མ་དང་ཁ་བྲལ་ནས་ལོ་ངོ་བདུན་སོང་ཤུལ་དུ།           
                    ལོ་ཟླ་ནི་ཆུ་མོའི་བཞུར་རྒྱུན་བཞིན་གཅིག་རྗེས་གཉིས་མཐུད་རེད། བདག་གི་སེམས་འགྱུ་ཡང་དེ་དང་མཉམ་དུ་ལྷོད་ཀྱིས་བཞུར་གྱིན་གདའ། ཕྱིར་རྟོག་དང་བསམ་གཞིགས་ཐེངས་ཤིག་བྱེད་ན། དེ་རིང་ནི་ང་རང་ཕ་མ་གཉིས་དང་ཁ་བྲལ་ནས་ལོ་ངོ་བདུན་ཙམ་ཕྱིན་ཟིན་པའི་ཉིན་མོ་ཞིག་རེད། རེད། མགྱོགས་པོ་ལག་ཟུང་བྲང་ཁར་བཞག་ནས་བསམ་བློ་ཐོངས་ཤིག ངས་རང་གིས་རང་ལ་དེ་ལྟར་སྨྲས། ངའི་མདུན་ན་སུ་ཡང་མེད། ངས་དེ་ལྟར་འདྲི་དོན་ཡང་དེ་ཡིན།

                     ཕྱི་དྲོའི་ཉིན་བྱེད་ཀྱང་ངའི་མཉམ་དུ་དབུགས་རིང་འཐེན་པ་དང་འདྲ་བར་སྐར་ཁུང་གི་མདུན་ངོས་ནས་ག་ལེར་བཞུད་སོང་། ངས་འདྲེན་བྱེད་གཉིས་ཀ་ཤུགས་ཀྱིས་བཙུམ་བཞིན་འདས་ཟིན་གྱི་གློག་བརྙན་ལྟ་བུའི་འཁྲབ་སྟོན་དག་མིག་གི་མདུན་ན་ཤར་བཅུག  ཨོ་ཨོ།  སུས་ཀྱང་མ་གོ་བའི་ཨོ་སྒྲ་སྨྲ་མཁན་དེ་ང་ཡིན། དེ་ལྟར་སྨྲ་དོན་ཡང་ངའི་འདས་ཟིན་པའི་བྱ་བཞག་ཁྲོད་དུ་བཙལ་ན་ཅི་ཡང་མེད་སོང་བས་ཡིན།
                   རེད་དེ།  ད་ལྟ་ངས་ཨ་མ་དྲན་གྱི་འདུག ད་དུང་ཨ་ཕ།  དེ་བས་ཀྱང་གཉེན་ཉེ་ཡོད་ཚད་དྲན་གྱིན་མིག་གི་མདུན་ན་ཝ་ལེར་ཤར་ཡོང་གིན་གདའ། དེ་དག་གི་ཁྲོད་ནས་ངས་ཨ་མ་ཁྱོད་ལྷག་ཏུ་དྲན་གྱིན་ཡོད། བཀའ་དྲིན་མ་ཁྱོད། རླབས་ཆེན་གྱི་སྐྱེས་མ་ཁྱོད། ངས་ནམ་ཡང་དྲན་འོས།   མ་གཞི་ནས་ནང་པའི་ཐ་སྙད་འགའ། ཕ་མ་བདུད་ཀྱི་ཞགས་པ་ཡིིན།  ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན་ཟེར་ནས་བཤད་ཡོམས་ཤིག་གདའ་མོད།
                 འོན་ཏང་ང་དེ་དག་ལ་ཡིད་མི་ཆེས། ངས་བསམ་ན་ཨ་མ་བཟང་པོ་ནི་ཕྲུ་གུ་འོད་སྟོང་འཕྲོག་ཆུགས་མཁན་གྱི་དགེ་རྒན་རླབས་ཆེན་རེད་འདོད། འཇིག་རྟེན་འདིར་ཨ་མ་ལས་དྲིན་ཆེ་བ་སུ་ཞིག་ཡོད་ཨང་། གང་ཡང་མེད་དེ།  ཨ་མས་ཕྲུ་གུ་ལ་བཅངས་པའི་བརྩེ་དུང་དེ་འགྱུར་མེད་ཀྱི་བརྩེ་དུང་ཡིན་པའི་ཕྱིར།
                ཨ་མ་ཡ།    ཨ་མ།༼རླབས་ཆེན་གྱི་སྐྱེས་མ༽་ལྟ་བུའི་གློག་བརྙན་དེ་ཨ་མའི་མཚོན་གཞི་ཡིན།  ༼དྲོད་སྐྱིད༽་ཀྱི་གློག་བརྙན་ལྟ་བུའི་ཨ་མ་དེ་ཨ་མའི་མཚོན་གཞི་ཡིན། ནགས་ཚང་ཞི་ལའི་སྐྱིད་སྡུག་གི་འཇིག་རྟེན་ཆེན་མོའི་དཔེ་དེབ་ན་སྤྱང་ཚོགས་ཁྲོད་ཀྱི་ཕྲུ་གུའི་སྲོག་བསྐྱབས་པ་དེ་ཨ་མའི་མཚོན་གཞི་ཡིན། ཨ་མ། ཡ།  ངས་ནམ་ཡང་དྲན་འོས་ཨང་།
_________________བསམ་བཞིན་དུ་རང་ཤག་ནས་ཐོལ་གྱིས་བྲིས་ཏེ་བཀོད་པའོ།

0 评论:

发表评论

དགོངས་ཎུལ་ཅི་ཡོད་གསུངས་རོགས།

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།