2013年5月13日星期一

རྩོམ་སྒྲིག་པའི་གཏམ།


  
                                                     རྩོམ་སྒྲིག་པའི་གཏམ།


_____________ཆིག་སྒྲིལ་འདོན་ཐེངས་དང་པོའི་ཀླད་ཀྱི་གཏམ།
             ༄༅།།ད་ལྟ་ཁྱེད་ཅག་གི་མིག་མདུན་དུ་ཡོད་པའི་<<ཆིག་སྒྲིལ>>་ཞེས་པའི་འདོན་ཐེངས་འདི་ནི་ང་རང་གྲྭ་རྐྱང་ཞིག་གིས་སྒེར་གཉེར་བྱེད་པའི་དམིགས་བསལ་གྱི་འདོན་ཐེངས་གསར་བ་ཞིག་ཡིན་ལ།དུས་དེབ་འདིའི་ནང་གི་རྩོམ་ཡིག་སྡུར་སྒྲིག་བྱེད་བཞིན་པའི་བརྗོད་གཞི་ཁག་ནི་བོད་མི་རིགས་འདི་ཉིད་འདས་མ་ད་གསུམ་གྱི་ལས་དབང་ལ་གཞིགས་པའི་རྩོམ་ཡིག་ཤ་སྟག་ཡིན།དེ་བས་གླེང་རིན་དང་དྲན་རིན་ཡོད་པ་ནི་འདས་ཟིན་པའི་སྤུ་རྒྱལ་བཙན་པོའི་དུས་སྐབས་ནས་བཟུང་སྟེ་ཁ་སང་དེ་རིང་གི་བར་གྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིགས་ཤིག་བྱས་དུས་ངོ་མ་དགའ་ནས་དགོད་མི་ཤེས་པ་དང་སྡུག་ནས་ངུ་མི་ཤེས་པའི་རྣམ་པ་མང་པོ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་གདའ།
                 གསལ་བོ་ཞུས་ན་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་ཅུ་ང་དགུ་ལོའི་དུས་ངན་གྱི་ཀློང་རུམ་ནས་བསྟན་དགྲ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རང་རྒྱལ་ཆོས་ལྡན་གྱི་ཞིང་མཆོག་འདི་ཉིད་ཧམ་ཟོས་བྱས་ཏེ་ད་བར་མི་ལོ་དུ་མའི་རིང་ལ་ཤ་རུས་ཁྲག་རྒྱུན་གཅིག་པ་དང་།སྐད་ཡིག་གཅིག་པ།ཕུགས་བསམ་གཅིག་པ།ལས་དབང་གཅིག་པ།མདོར་ན་ཡོད་ཚད་གཅིག་པའི་རང་ཅག་སྤུན་ཟླ་ས་ཡ་དྲུག་པོ་འདི་ཉིད་གཞིས་བྱེས་གཉིས་སུ་ཁ་འཐོར་དུ་བཏང་ནས་བཟུང་གཞིས་བཞུགས་ཀྱི་བོད་མི་དེ་དག་ལ་ད་བར་ཁྲག་གི་བྲོ་བ་འདི་ཉིད་རྒྱུན་མ་ཆད་པའི་བྱ་སྤྱོད་སྟེ་གཉའ་གནོན་དང་མནར་བཅོས་རྡུང་རྡེག་བཤུ་གཞོག་སོགས་བྱས་རྐྱེན་མཐའ་དོན་མི་རིགས་འདི་ཉིད་ཀྱི་རང་དབང་བསྐྱར་གསོ་ཡི་སླད་དུ་འ་ཆད་འུ་ཐུག་གི་སོ་མཚམས་སུ་སླེབས་ཏེ་རང་གི་ལུས་ཕུང་འདི་ཉིད་མེར་མཆོད་དུ་བསྒྲོན་པའི་ཞི་བའི་ངོ་རྒོལ་གྱི་སྲོལ་གསར་ཞིག་<<འདི་ལ་དེང་སྐབས་ཡོངས་གྲགས་སུ་གསར་བརྗེ་སེར་པོ་ཞེས་བརྗོད་ཀྱིན་ཡོད>>སྟེ་༡༩༩༨།༤།༢༧ཉིན་དཔའ་རྒོད་དམ་པ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མཆོད་མེར་ཕུལ་བ་ནས་སྤྱི་ལོ༢༠༡༢་་༢་་༡༩ཉིན་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་བར་དུ་རྒྱུན་མཐུད་དང་མཐུད་མུས་སུ་ཡིན་དུས།

             ང་དང་ང་འདྲ་བའི་བྱེས་འབྱོར་བའི་བོད་མི་ཞིག་གི་ངོས་ནས་བཤད་ན་སྡུག་ཡུས་ཀྱི་ཡ་ཁོ་ཡོངས་སུ་གནོན་ནས་ག་ཚོད་ཅིག་བསྡད་ཀྱང་མིག་ཆུའི་ཕྲེང་རྡོ་རེ་རེ་ནི་བཞུར་རྒྱུར་རྒྱུན་མི་ཆད་མོད།འོན་ཀྱང་སྡུག་བསྔལ་ནི་སྡུག་བསྔལ་རང་ཡིན་དུས་སྡུག་བསྔལ་གྱི་མིག་ཆུ་ལའང་རྫོགས་མཐའ་བྲལ་སོང་སྟབས། ད་ནི་འཇིག་རྟེན་པའི་ཁ་དཔེར་ལྟར་རང་ངོ་རང་ཤེས་དང་།རང་འགན་རང་འཁུར་གྱི་ཐོག་ནས་མི་རིགས་འདི་ཉིད་ལ་ཞབས་ཞུ་སྟེ་རྒྱ་མཚོ་ནང་གི་དཀར་ཐིགས་ཙམ་ལས་བསྒྲུབ་མ་ཐུབ་ཀྱང་ལས་གནས་འདིའི་འགན་འཁུར་དང་དུ་བླངས་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཟིན། གསལ་ཁ་ཞིག་བྱས་ན་ད་ལོ་མདོ་སྟོད་སྨད་གཉིས་ནས་ཤ་རུས་གཅིག་པའི་སྤུན་ཟླ་མང་པོ་ཞིག་རང་གི་ལུས་ཕུང་འདི་ཉིད་ཀྱང་བོད་སྤྱི་པའི་དོན་དུ་མཆོད་མེ་རུ་བསྒྲོན་ཟིན་པ་དང་སྒྲོན་བཞིན་པ་ཡིན་པས་དེའི་ཐད་དུ་ངེད་ཅག་ཕྱི་ཕྱོགས་སུ་གནས་པའི་བོད་མི་དག་གིས་རྒྱང་རིང་ས་ནས་མར་མེར་ཁྲོམ་སྐོར་འདྲ་བྱེད་ནས་བལྟས་བསྡད་པ་ཙམ་མིན་པར་ལྷ་རབ་བྱུང་ན་འཛམ་གླིང་གི་རྒྱལ་སྤྱིའི་སྔོན་ན་གསར་འགྱུར་རྒྱང་བསྒྲགས་ལ་སོགས་པའི་དེ་མིན་རང་རང་གིས་འཇོན་ཚོད་ཐུབ་ཚོད་ཀྱི་ངོས་ནས་བོད་སྤྱི་པའི་དོན་དུ་ལས་འགན་རེ་བསྒྲུབ་རྒྱུ་ཕྱིས་མེད་ན་སྔ་མི་འདུག་ཟེར་ནས་བཤད་ན་འགྲིག་མོད། དེར་བརྟེན་བདག་གི་སྒེར་གཉེར་བྱེད་བཞིན་པའི་དམིགས་བསལ་གྱི་འདོན་ཐེངས་འདིའི་ནང་དུ་མི་རིགས་འདིའི་འདས་མ་ད་གསུམ་གྱི་ལས་དབང་དང་འབྲེལ་བའི་གླེང་སྟེགས་ཤིག་ཡིན་སྟབས་ལོ་ངོ་ནག་པོ་འདི་དག་གི་རིང་ལ་མི་རིགས་འདིའི་ཆེད་དུ་དང་།སྐད་ཡིག་འདིའི་ཆེད་དུ།རྒྱལ་ཁབ་འདིའི་ཆེད་དུ་རང་སྲོག་བློས་བཏང་སྟེ་མེར་མཆོད་དུ་བསྒྲོན་སོང་བའི་འདས་གསོན་གཉིས་ཀར་ལ་བྱེས་འབྱོར་བའི་མྱི་དག་གི་སེམས་ཚོར་དམར་རྗེན་རྗེན་གྱི་མྱ་ངན་མཚོན་ཆེད་ཀྱི་ལེ་ཚན་གཙོ་བཟུང་གི་ཐོག་ནས་མྱ་ངན་གྱི་ཚན་པ་གཅིག་དང་།
               ད་དུང་འདས་ཟིན་པའི་སྤུ་རྒྱལ་བཙན་པོའི་གླེང་རིན་ཡོད་པའི་ལོ་རྒྱུས་ཀྱི་དཔྱད་གླེང་གི་ཚན་པ་གཅིག།དེ་བས་ཀྱང་གལ་ཆེ་ལ་ངེས་པར་དུ་དགོས་པའི་མ་འོངས་བོད་མི་རིགས་འདི་ཉིད་ཀྱིས་འཐབ་རྩོད་གསར་པ་དང་།ཁ་ཕྱོགས་གསར་པ།རྣམ་པ་གསར།མདོར་ན་ཡོད་ཚད་ལ་སྔ་ནས་མནོ་བསམ་བཏང་སྟེ་མི་རིགས་འདི་ཉིད་སྔོན་ཐོན་གྱི་གྲལ་དུ་བསྒྱུར་ཐབས་ཀྱི་ལས་གཞིའི་གླེང་སྟེགས་ཤིག་སྟེ་མ་འོངས་ཁ་ཕྱོགས་ཀྱི་ལེ་ཚན་བཅས་ཚན་པ་གསུམ་བགོས་ཀྱི་ཐོག་ནས་<<ཆིག་སྒྲིལ>>ཞེས་པའི་དམིགས་བསལ་གྱི་འདོན་ཐེངས་འདི་ཉིད་མི་ཡུལ་དུ་བཏོན་ཁུལ་བྱས་ཡོད། ད་དུང་ཤེས་འདོད་མཁན་དག་ལ་གསལ་བཤད་ཅིག་ཞུ་འདོད་པ་ནི་ལས་གཞི་འདི་ནི་བདག་གི་ད་ལོའི་ལོ་གསར་ཚེས་གཅིག་ནས་འགོ་བཙུགས་ཏེ་ལས་ལ་བརྩོན་ཁུལ་བགྱིས་ཡོད་པས་གཞིས་བཞུགས་ཀྱི་བོད་མི་ཚོར་བསྟན་ན་བསྟན་རིན་ཡོད་པའི་གནམ་ལོ་གསར་པའི་ལག་རྟགས་ཡག་ཤོས་ཤིག་ཀྱང་ཡིན་ཟེར་ཆོག དེའི་ཕྱིར་མདོར་བསྡུས་ཏེ་བཤད་ན་དེ་རིང་བདག་གི་ལས་གཞི་འདི་ལ་འཇུག་དགོས་ཀྱི་དམིགས་བྱ་སྟེ་དོན་ཚན་གསུམ་གྱི་ནང་དུ་བསྡུས་ནས་བཤད་ན་ཆོག་སྟེ།དང་པོ་རང་ཉིད་བོད་པ་གཙང་མ་ཞིག་ཡིན་པའི་ཆ་ནས་ཤ་རུས་ཁྲག་རྒྱུན་གཅིག་པའི་མེས་པོ་དམ་པའི་འདས་གསོན་གཉིས་ལ་མི་ཡུལ་ས་མཐའ་ནས་གོ་མེད་ཚོར་མེད་ངང་མ་སྡོད་པར་སྐྱིད་སྡུག་མཉམ་མྱོང་དང་བཀའ་དྲན་རྗེས་དྲན་མཚོན་ཆེད་དུ་ཡིན།གཉིས་ནི་མི་རིགས་འདིའི་འདས་མ་ད་གསུམ་ལ་དཔྱད་གླེང་བགྱིས་ཏེ་མི་རིགས་འདི་ཉིད་ཀྱི་ནུས་པ་<<ཆིག་སྒྲིལ>>་བྱ་ཆེད་དུ་ཡིན།གསུམ་ནི་རང་ཉིད་ལས་གཞི་འདི་ལྟ་བའི་རིགས་ལ་དགའ་ཞེན་དང་དུང་བ་ཡོད་མཁན་ཞིག་ཡིན་པའི་ངོས་ནས་ལས་གཞི་འདིའི་རིགས་ལ་རྟ་རྒྱུགས་མཁན་དང་ལྟད་མོ་ལྟ་མཁན་གཉིས་ཀྱི་དབྱེར་འབྱེད་གསལ་བོ་ཤེས་ཆེད་དུ་ཡིན།
           མཐའ་དོན་དཔྱོད་ལྡན་ཀློག་པ་པོ་རྣམས་ཀྱི་མདུན་དུ་མ་ཤེས་ཤེས་མདོག་དང་།མ་འཇོན་འཇོན་མདོག་བགྱིས་ཏེ་དེ་རིང་གི་བྱ་བ་འདི་ལ་འཇུག་དགོས་སོང་བས་ནོར་འཁྲུལ་དུ་མ་ཞིག་མཆིས་ངེས་པས་མཁྱེན་དཔྱོད་མཆོག་ཏུ་ཡངས་བའི་དུས་དེབ་འདི་ལ་རྒྱབ་སྐྱོར་བྱེད་མཁན་ནམ་ཀློག་པ་པོ་དག་གིས་བཀའ་སློབ་དང་ལམ་སྟོན་ཅིག་ཀྱང་གནང་རོགས་ཞུ། ཞེས་<<ཆིག་སྒྲིལ>>དུས་དེབ་ཀྱི་རྩོམ་སྒྲིག་པ་ལི་ཐང་ངག་དབང་དབྱིག་གཉེན་གྱིས་དཔལ་ལྡན་འབྲས་དཀར་སྤུངས་པའི་རང་ཤག་མི་འགྱུར་བླ་བྲང་ནས་༢༠༡༢་་༣་་༤ཉིན་བྲིས་སོ།། །།

0 评论:

发表评论

དགོངས་ཎུལ་ཅི་ཡོད་གསུངས་རོགས།

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།