2013年5月17日星期五

<<སྐྱེས་སྐར་བསུ་བའི་དབྱངས།>>
____________ཤིས་ཚིག་ཅིག་གི་དོད་དུ་ཤར་མར་བྲིས།
ཀ་དག་ཆོས་ཀྱི་རོལ་དབྱངས་དཀྲོལ་མཛད་པའི།།
ཁ་ནས་གསུང་སྐད་བྱོན་པའི་སྟོན་པ་ཡི།།
ག་ཤེད་ཅིག་ནས་འཁྲུངས་སྐར་བརྟོལ་སོང་བས།།
ང་ཚོའི་གདུལ་བྱ་རྣམས་ཀྱིས་མེ་ཏོག་གཏོར།།

ཅ་ཅོ་ཆེན་པོའི་གྲོང་ནས་མ་གཤགས་ཏེ།།
ཆ་ལུགས་མྱི་དང་མཐུན་པའི་ཚུལ་མཛད་ནས།།
ཇ་རྐྱང་བཞེས་ཀྱིན་བཞེས་ཀྱིན་འུ་ཅག་དང་།།
ཉྭ་ཆུ་བཞིན་དུ་བཞུད་པར་ཨེ་མ་ཧོ།།


ཏ་ཐ་ད་ནའི་ཡིག་ངོ་ཙམ་མིན་པར།།
ཐ་ན་ཟབ་མོའི་སྟོང་ཉིད་ལྟ་བ་ཡང་།།
ད་དུང་རྟོགས་ཀྱིན་འདི་འདྲའི་བཞུཊ་མྱོང་བ།།
ན་གཞོན་རྣམས་ཀྱི་དོན་དུ་ཁོ་ན་ལགས།།


པ་ཏྲའི་དྲྭ་མིག་གསེར་འོད་འཚེར་ན་ཡང་།།
ཕ་ཡུལ་བདུད་ཀྱི་བཙོན་ར་འདིའི་ནང་ན།།
བ་གླང་ལྟ་བུའི་འུ་ཅག་སོ་སྐྱེས་དག།
མ་མ་འདྲ་བར་ཁྱེད་ལས་གཞན་སུ་ཞིག།

ཙ་རའི་ལྗོངས་དང་ཙི་ནའི་ཡུལ་ལུང་གཉིས།།
ཚ་བ་ཆེ་ཆུང་ཙམ་ལས་ཁྱད་མེད་ན།།
ཛ་རེ་ཛོ་རེ་ཡིན་པའི་ངེད་ཅག་ནི།།
ཝྭ་མོ་ལས་ཀྱང་དེ་འདྲའི་སྡུག་པ་ལ།།

ཞྭ་ལྷམ་ཆོས་གོས་འགྲིག་ཙམ་བྱུང་བཞག་ན།།
ཟ་འཐུང་ཉུང་རུང་སོ་སྐྱེས་འགྲོ་དོན་ལ།།
འ་འུར་ལུས་ཀྱིས་སྦྱོན་པ་གཏོང་དགོས་རུང་།།
ཡ་མེད་ཡིན་པའི་དགེ་སློང་ཁྱེད་ལ་གུས།།

རྭ་ཅོ་མགོ་རུ་གདའ་མེད་མ་བལྟོས་པར།།
ལ་ལུང་གང་སར་ཆོས་འཁོར་བསྐོར་མྱོང་བའི།།
ཤ་ཟད་རུས་ལ་ཐུག་པའི་སྟོན་པ་ལ།།
ས་སྟེང་འདི་ནས་དེ་རིང་སྐྱེས་སྐར་བསུ།།

ཧ་ཅང་གོ་རྒྱུ་ཞིག་ནི་མི་གདའ་མོད།།
ཨ་ན་མ་ན་ཡིན་པའི་མྱི་སྐད་དག།
ཧ་རེ་ཧུ་རེ་བགྱིས་ནས་བྲིས་བཞག་པས།།
ཨ་རོ་མྱི་དག་དགོངས་འགལ་མེད་པར་ཞུ།།
__________ཚིག་གི་བསྒྲིགས་སྟངས་དང་། སྡེབ་ཀྱི་སྦྱོར་བ་སོགས་གང་ཅིའི་ཐད་ནས་སྙན་ངག་ལྟ་བུ་ཞིག་ནི་ཕྱོགས་ཙམ་ཡང་མ་བྱུང་མོད། འོན་ཏང་དེ་རིང་འདི་ཀར་བོད་མི་ཞིག་གིས་སྟོན་པའི་སྐྱེས་སྐར་ལ་བསྟོད་པ་ཞིག་འབྲི་ཐུབ་ན་དགེ་བ་རླབས་ཆེན་བསག་གི་རེད་ཅེས་བཤད་པ་དང་བསྟུན་ནས་གོང་གི་ཚིག་བཅད་འདྲ་བོ་དེ་གདན་སའི་རིག་པ་སྨྲ་བའི་གྲལ་མཐར་ལུས་པའི་ལི་ཐང་དབྱིག་གཉེན་ཟེར་བ་ཞིག་གིས་རང་ཤག་ནས་ཤར་མར་བྲིས།

0 评论:

发表评论

དགོངས་ཎུལ་ཅི་ཡོད་གསུངས་རོགས།

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།