2013年5月17日星期五

༄༅།།ཅོ་རི་ཉི་མ། ལམ་དབུ་མ་མ་བརྗེད་ཨ།


                               ༄༅།།ཅོ་རི་ཉི་མ།  ལམ་དབུ་མ་མ་བརྗེད་ཨ།
             
                                                        _____________ ལམ་དབུ་མ་ལ་ཕྱག་འཚལ་ལོ།
                          དེ་རིང་ཉིན་གང་བོར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་དོན་འདྲ་མིན་ཞིག་གི་གོ་སྒྲིག་འོག་ནས་ལས་འགུལ་དེ་དག་ཞུགས་ནས་ད་ལྟ་རང་ཤག་ཏུ་བསླེབས་སོང་། ངས་རང་ཤག་བསླེབས་ནས་དྲྭ་ཚུགས་འགའ་ཤས་ལ་བལྟས། བོད་ཀྱི་དུས་བབ་མདུན་དུ་ལམ་དབུ་མ་ལ་རྒྱབ་སྐྱོར་ཅན་གྱི་རྩོམ་འགའ་ཤས་དང་དེ་ལས་གཞན་པ་འགའ་ཡང་འདུག དེ་ནས་ཡུན་རིང་ཞིག་ལ་མ་ཡོང་བའི་ཤམ་བྷ་ལའི་ཟིན་བྲིས་སྒོ་ཕྱེས་པ་ཡིན། དེར་ཅོ་རི་ཉི་མ་ཟེར་བ་འདིས་༧གོང་ས་མཆོག་གི་ལུང་ཡིན་མིན་མི་ཤེས། གང་འདོད་ལྟར་ལུང་ཟ་ཟུར་རེ་བགྲང་ནས་རང་བཙན་རྩོད་དགོས་སྟངས་འགའ་ཤས་བྲིས་འདུག དེ་ལ་ལན་འདེབས་མཁན་བོད་མི་མང་གི་སྤྱི་འཐུས་གངས་ལྷ་མོ་སོགས་དེ་མིན་གྱི་དྲྭ་འབུ་འགའ་ཤས་ཀྱང་འདུག
                         དེ་སྔ་ཡང་ཅོ་རིས་བཀའ་ཁྲི་འོས་ལྡུག་སྐབས་སུ་བསམ་ཚུལ་མི་མཐུན་པ་མང་པོ་བྲིས་སོང་ཡང་མི་རེ་ལ་ལྟ་བ་རེ་ཡོད་ཀྱི་རེད། ད་གཡུགས་ཤོག་བསམ་ནས་བསམ་ཚུལ་དམིགས་བསལ་བ་ཞིག་བྲིས་མེད། ད་ལྟ་ཡང་འཇགས་རྒྱུ་མེད་པའི་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ཁ་ཕྱོགས་སྟངས་སྐོར་ལ་ན་གཞོན་ལུགས་མེད་འགའ་ཤས་ཀྱིས་མ་ཤེས་ཤེས་མདོག་དང་། མ་འཇོན་འཇོན་མདོག་གི་གདོང་ལྤགས་མཐུག་པོ་རེ་ཁྱེར་བཞིན་ད་ལྟའི་དུས་འདིར་དྲྭ་བ་ཁག་གི་ཟིན་བྲིས་དང་། སྐད་འཕྲིན། ངོ་དེབ་སོགས་སུ་ལམ་དབུ་མ་ཟེར་བ་འདི་རིན་ཐང་ཆུང་དྲགས་ཚུལ་དང་། རང་བཙན་ཟེར་བ་དེ་བརྩོད་བཞག་ན་ཕལ་ཆེར་རག་མིན་འགྲོ་བསམ་བསམ་གྱི་སྣང་བ་སྐྱིད་པོའི་སྐད་ཆ་རེ་བཤད་བཞིན་གདའ་མོད།

                             དོན་དངོས་ཐོག་དེ་དག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་གླེང་གི་ཡོད་མེད་སུས་ཤེས། གཅིག་བྱས་ན་ནང་ཁུལ་དུ་གཏོར་བརླག་བཏང་གིན་ཡོད་འགྲོ  ད་དེ་དག་གཡུགས་ནས་འདི་དྲྭ་གྲོགས་ཅོ་རི་ཉི་མ་ལ་བསམ་ཚུལ་འགའ་བཤད་འདོད་ཡོད། ངས་བསམ་ན་ད་ལྟའི་དུས་ཚོད་འདི་འདྲ་ཞིག་ལ་ང་ཚོས་ད་དུང་གནའ་བོའི་མི་དག་གིས་གཅིག་འཇོན་བཞག་རབས་དང་། གཉིས་བགྱིས་བཞག་རབས་སོགས་བཤད་ནས་སྡད་ན་དགེ་ཕན་གང་ཡང་མི་འདུག་སྙམ་གྱིན་ཡོད། ད་ནི་ང་ཚོས་དོན་དངོས་ཀྱི་ཁེ་ཕན་དང་རྒྱུ་མཚན་ལ་བསམ་གཞིག་བྱ་དགོས་ཀྱི་འདུག དེ་གཅིག་རེད།
                               གཉིས་པ་དེ་ཁྱེད་ཀྱིས་བཤད་པ་བཞིན་རང་བཙན་རྩོད་དགོས་པ་དང་། ལོ་རྒྱུས་ཀྱི་བདེན་དཔང་བྱ་དགོས་པ་དང་། རྩོད་པའི་ཐོབ་ཐང་ང་ཚོར་ཡོད་པའི་དབང་དུ་བཏང་རུང་། དེ་དག་ལ་སུས་ཡ་བྱ་སྲིད་ཀྱི་རེད། གང་འདྲ་བྱེད་ནས་ང་ཚོས་བསྒྲུབ་ཐུབ་ཀྱི་རེད། རང་བཙན་རྩོད་ན་ཇི་ལྟར་རྩོད་དགོས་སམ། དྲག་སྤྱོད་ཀྱི་ཐོག་ནས་རྩོད་དགོས་སམ། ཡང་ན་འཛམ་གླིང་གི་སྤྱི་བོ་གནམ་འོག་གི་མི་དག་ལ་དབང་བའི་ཁྲིམས་ལུགས་ཟེར་བ་དེ་གཞིར་བཅོལ་ནས་རྩོད་དགོས་པ་ཡིན། དང་པོ་དྲག་སྤྱོད་ཟེར་བ་དེའི་ཐོག་ནས་རྩོད་དགོས་ན་ནི་ད་ལྟའི་ཆར་ང་ཚོ་རྒྱ་ནག་གི་ཁ་གཏད་དུ་ལངས་ཁུལ་བྱས་ན་དེ་ནི་གད་མོ་ཤོར་དགོས་པའི་གནད་ཅིག་རེད། མཚོན་ཆ་དང་། དམག་དོན་གང་གི་ཐད་ནས་ཡོང་གི་མ་རེད། དེའི་ཐད་ནས་རང་བཙན་ཟེར་བ་ནི་རི་བོང་མགོ་ཡི་རྭ་དང་། ནམ་མཁའི་ཐོག་གི་མེ་ཏོག་རང་ཡིན་པར་མཚོན་ཐུབ་ཀྱི་རེད།
                           ད་ནི་ཁྱེད་ཀྱིས་རྩོད་བཞིན་པའི་རང་བཙན་ཟེར་བ་དེ་རྩོད་དགོས་ན་ལམ་བུ་གཅིག་ལས་མི་འདུག་སྟེ།  གཅིག་ཡོད་པ་ནི་ཁྲིམས་ལུགས་རེད། རེད། ཁྲིམས་ལུགས་ཀྱི་ཐོག་ནས་ཁྱེད་ཀྱི་ཇི་ལྟར་རྩོད་ཀྱི་ཡིན། འདིའི་ཐད་ནས་ད་བར་ང་ཚོས་རྒྱལ་ཚོགས་ལ་ཞུ་གཏུགས་དང་།  ཀི་རིང་མང་པོ་ག་ཚོད་ཅིག་བཏབ་ཀྱང་ཧ་ལམ་རྒྱ་ནག་གི་ཕྱོགས་ནས་ཡ་བྱེད་མྱོང་མེད་པར་སུས་ཀྱང་ནང་གསལ་ཉི་ཤར་རེད། དེ་དག་ཚང་མ་གནས་དོན་རགས་པ་ཞིག་གི་ཐོག་ནས་ཞུས་ཡོད། དེ་མ་གཏོག་ངས་ཚིག་མཁྲེགས་པོ་དོན་གཏིང་ཟབ་པོ་དེ་འདྲ་མི་ཤེས་ལ། མ་ཤེས་ཀྱང་ངོ་ཚ་དགོས་དོན་ཅང་མི་འདུག་སྟེ། དེའི་རྒྱུ་མཚན་ནི་ང་གྲྭ་པ་ཞིག་ཡིན་པའི་ཆ་ནས་རེད།
                         ད་གཡུགས་ཤོག ད་ནི་ཁྱེད་ཀྱི་བོད་གཞིས་བྱེས་གཉིས་སམ་བོད་མི་བྱིངས་ཀྱི་རེ་ཞགས་འཕེན་སའི་ལམ་བུ་དེར་བསམ་གཞིག་ཅིག་བྱོས་ད། ལམ་དབུ་མ་ལ་བསམ་བློ་ཐོངས་ད། གྲུབ་འབྲས་མེད་པ་དེ་འདྲ་མ་རེད། འདི་ལ་མ་གཞི་ནས་བཤད་ཡོམས་ཤིག་གདའ་བ་ནི་དབུ་མའི་ལམ་ལ་མ་སོང་ན་༧གོང་མཆོག་གི་བཀའ་ལ་བརྩི་ཡི་མི་འདུག་ཟེར་བ་ནི་སྨྱོན་པའི་སྐད་ཆ་རེད། རྒྱུ་མཚན་དེ་ཙམ་ཡིན་ན་ངས་ཚོ་དབུ་མ་ལ་སྐྱོད་མཁན་ཚོས་སྨྱོ་རྟགས་བསྟན་པ་རེད། ༧གོང་ས་མཆོག་གི་བཀའ་ཕར་ཞོག མཐའ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཡང་རྒྱུ་མཚན་མེད་ན་དོར་ཆོག་པ་གསུངས་འདུག་པའི་ཕྱིར་ན་༧གོང་མཆོག་གི་བཀའ་ཡིན་རུང་གནས་ལུགས་དང་རྒྱུ་མཚོན་དབེན་སོང་ན་དོར་མི་ཆོག་ཟེར་ནས་༧གོང་མཆོག་གིས་དུས་ནམ་ཡང་གསུང་མི་སྲིད།
                       དེར་བརྟེན་ད་ལྟའི་དུས་རབས་འདིར་སྤྱིར་འཛམ་བུ་གླིང་གི་དབུ་ཁྲིད། སྒོས་སུ་བོད་མགོ་ནག་མི་ཡི་མགོན་སྐྱབས་དམ་པ་ཁོག་པའི་སྙིང་དང་། དཔྲལ་པའི་མིག་གཅིག་པུ་༧གོང་ས་མཆོག་གིས་རང་ཅག་བོད་མི་བྱིངས་པོ་ལམ་དབུ་མའི་ཐོག་ཏུ་ཤར་བསྐྱོད་བྱེད་ན་ལམ་དབུ་མ་འདི་ལ་འབྲས་བུ་ཞིག་སྔ་ཕྱི་མ་གཏོག་འབྱུང་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམས་པ་ཁོང་ལ་ཡིད་ཆེས་ཡོད་གསུངས་པའི་བསྡོམས་ཚིག་དང་གཅིག  ད་ལྟའི་གནས་སྐབས་འདིར་༧གོང་ས་མཆོག་ལ་ཕྱིའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་སོགས་ཀྱིས་རྒྱབ་སྐྱོར་དང་ཞི་བདེ་གཟེངས་རྟགས་སོགས་གང་གིས་ཕྱིར་དུ་འབུལ་གྱི་ཡོད་མེད་དང་གཉིས། ལྷག་པར་དུ་མི་ལོ་དུ་མའི་རིང་ལ་བོད་གཞིས་བྱེས་གཉིས་ཀྱི་སྲིད་སྐྱོང་དུ་ལངས་མྱོང་བའི་མཁས་པའི་དབང་པོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་རྟགས་ཡང་དག་གསུམ་ལ་བརྟེན་ནས་ལམ་དབུ་མ་འདི་ལ་གྲུབ་འབྲས་ཤིག་ཡོད་པར་གདོན་མི་ཟ་བ་ཡིན་ངེས་པས། ཅོ་རི་ཟེར་བའི་ན་གཞོན་འདིས་གཞོན་གྱིས་ཅི་ཟེར་གྱི་རྗེས་སུ་མ་རྒྱུགས་བར་ལམ་དབུ་མ་འདི་ཡིན་གཅིག་མ་བརྗེད་པ་གནང་རོགས་ཞུ།  
                       
                               ཞེས་ལི་ཐང་དབྱིག་གཉེན་དུ་འབོད་པ་འདིས་སངས་རྒྱས་འཁྲུངས་སྐར་ཉིན་མོར་ཤར་མར་བྲིས་སོ།

0 评论:

发表评论

དགོངས་ཎུལ་ཅི་ཡོད་གསུངས་རོགས།

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།